༄༅། དགེ་བཤེས་ཚེ་རིང་ཆོས་འཕེལ་གྱི་ལོ་རྒྱུས་མདོ་ཙམ་ཞུས་པ།
དགེ་བཤེས་ཚེ་རིང་ཆོས་འཕེལ་ནི་ཆུང་གཞོན་ནུ་དུས་ནས་ཡུལ་དགོན་ཞིག་ནང་ཆོས་སྒོར་ཞུགས་ནས་མགོ་ཀ་ཁ་ནས་བཟུང་བོད་ཀྱི་སྐད་ཡིག་དང་། དགོན་པའི་འདོན་ཆོག་ཡོངས་རྫོག་བློ་འཛིན་དང་ཆོ་ག་ཕྱག་ལེན་སོགས་གང་དགོས་ལེགས་པར་སྦྱངས་པ་མ་ཟད་མཚན་ཉིད་རིག་པའི་གཞུང་ལའང་ཅུང་ཟད་སྦྱངས་པར་བྱས། དེ་ནས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་དུ་ཆོས་སྒོར་ཞུགས་ཏེ་མཚན་ཉིད་དང་ལྡན་པའི་དགེ་བའི་གཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་མདོ་སྔགས་རིགས་གནས་དང་བཅས་པ་ལ་ལོ་མང་རིང་གསན་བསམ་མཐིལ་ཕྱིན་པར་གནངས་ཏེ་བསླབ་པ་མཐར་སོན་པའི་དགེ་བཤེས་ཀྱི་མཚན་རྟགས་བཞེས།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགོངས་གཞི་ལྟར་རིག་གསར་དངོས་ཁམས་ཚན་རིག རྗས་སྦྱོར་རིག་པ། སྐྱེས་དངོས་རིག་པ། དབང་རྩ་ཚན་རིག འཇིག་རྟེན་ཁམས་ཀྱི་རིག་པ་སོགས་རིག་གསར་ཚན་རིག་སྐོར་ལ་སྦྱང་པ་མི་དམན་ཙན་དུ་གནངས་བ་མ་ཟད། འཛམ་གླིང་གི་སྐད་ཡིག་ལྟ་བུ་དབྱིན་ཡིག་ལའང་སྦྱང་པ་མི་དམན་ཙམ་གནང་ཡོད། ཚན་རིག་ཟབ་སྦྱོང་དང་། ནང་དོན་རིག་པ་དང་རིག་གསར་ཚན་རིག་དབར་བགྲོ་གླིང་ཐེངས་མང་ཆ་ཤས་བླངས་ཡོད་ཅིང་། ལྷག་པར་དུ་དེང་དུས་ཀྱི་སྐྱེ་འགྲོ་རྣས་ཀྱི་སེམས་ཁམས་དང་འཚམས་པའི་སློབ་ཁྲིད་ཇི་ལྟར་དགོས་མིན་གྱི་སྐོར་ལྦ་ཎ་མཐོ་སློབ་ནང་ཉམས་མྱོང་ཅན་གྱི་མཁས་དབང་གདན་ཞུས་ཀྱིས་ཟབ་སྦྱོང་སྤྲོད་པའི་ནང་མཉམ་ཞུགས་ཀྱང་གནང་ཡོད་པ་རེད།
ཁོང་གི་རང་དགོན་འབྲས་སྤུངས་སུ་སློབ་སྦྱོང་གནང་ཞོར་གསར་བུ་སློབ་གཉེར་པ་རྣམས་ལ་རང་རང་གི་མོས་བློ་དང་འཚམས་པའི་ལོ་མང་རིང་སློབ་ཁྲིད་གནང་བར་མ་ཟད་བློ་གསལ་གླིང་གི་སློབ་གྲྭའི་མཚན་ཉིད་རིག་པའི་དགེ་རྒན་གྱི་ཐུགས་འགན་ཡང་གནང་ཡོད། དེ་ནས་དྷ་ས་རྣམ་རྒྱལ་གྲྭ་ཚང་གིས་གདན་ཞུས་ལྟར་དཔེ་ཁྲིད་རྒན་གྱི་ཐུགས་འགན་བཞེས་ཏེ་ལྷག་བསམ་ཆེན་པོས་མདོ་སྔགས་གཞུང་ཆེན་ཁག་རྣམས་ལོ་ངོ་བཅུ་གཅིག་གི་རིང་སློབ་ཁྲིད་གནང་ཏེ་སློབ་མ་རྣམས་དགའ་མོས་ཆེན་པོ་ཐོབ་པ་མ་ཚད་གྲུས་འབྲས་ཀྱང་གཡུལ་དུ་ཟ་བ་ཐོན་ཡོད།
ཞོར་དུ་རིག་ལམ་སློབ་གཉེར་ཁང་དང་ཀི་རྟི་བྱེས་པ་གྲྭ་ཚང་གི་སློབ་གཉེར་བ་ཁག་གཅིག་ལའང་སློབ་ཁྲིད་གནངས། དེ་བཞིན་འཛམ་གླིང་ཤར་ནུབ་ཀྱི་བོད་རྒྱུད་ནང་བསྟན་དོན་གཉེར་ཅན་རྣམས་ལའང་དུས་ཚོད་ནམ་ཡོད་ལ་སློབ་ཁྲིད་ལོ་ལྟར་གནངས་དང་གནང་མུས་སུ་མཆིས།
གཞན་ཡང་ཨ་རི་དང་ལྷོ་ཀོ་རི་ཡ་སོགས་རྒྱལ་ཕྱི་ནང་གི་ཆོས་ཚོགས་མང་པོའི་ནང་གདན་ཞུས་ལྟར་ཞབས་ཀྱི་བཅགས་ཏེ་ནང་ཆོས་ངོ་སྤྲོད་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་གང་ལ་གང་འདོད་ཀྱི་སློབ་ཁྲིད་མི་ཉུང་བ་ཞིག་གནང་ནས་མཛད་པ་རྒྱ་ཆེན་བསྐྱངས་ཡོད་པ་རེད།
མདོར་ན་དགེ་བཤེས་ཚེ་རིང་ཆོས་འཕེལ་ཁོང་ནི་ཐུགས་གཤིས་བཟང་ལ། ཤེས་ཡོན་གྱི་ཆུ་ཚད་དང་ཉམས་མྱོང་སོགས་གང་ཐད་ནས་ཕུན་སུམ་ཚོགས་པའི་དགེ་རྒན་ཞིག་རེད།། །།